¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

ཕྱི་ལོ་ 2009 ཟླ་ 12 ཚེས 31 ཉིན་གྱི་སྨོན་ལམ་སྐབས་ཉེར་བདུན་པའི་སྦྱིན་བདག་དང་སྲི་ཞུ་བ་རྣམས་ལ་

ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན།

¡@

རང་རེ་རྣམས་བསོད་ནམས་དཔག་མེད་བསགས་པ་ལ་བརྟེན་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་འདིར་ལྷན་དུ་

འཛོམས་རྒྱུ་བྱུང་བ་ཡིན་པས། དགེ་བ་སྣ་གཅིག་ལས་མ་བྱུང་བ་ཡིན་ནའང༌། དེ་ཉིད་ཆུས་ཟོས་སུ་མ་བཏང་བར་གོང་ནས་

གོང་དུ་སྤེལ་ཅི་ཐུབ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།

¡@

¡@

དེ་རྗེས་བྱང་ཆུབ་སེམས་དཔའི་སྡོམ་པ་བསྩལ་བ་དང་ལྷན་དུ་རྒྱལ་དབང་ཀརྨ་པ་མཆོག་ནས་གསུང་དོན། སྤྱི་ནོར་༧གོང་ས་

༧སྐྱབས་མགོན་ཆེན་པོ་མཆོག་ནས་ཚིག་བདུན་གསོལ་འདེབས་གྲངས་གསོག་དགོས་པའི་བཀའ་སློབ་ཕེབས་དགོངས་བཞིན་

སྨོན་ལམ་འདུས་ཚོགས་ཡོངས་ནས་ཚིག་བདུན་གསོལ་འདེབས་གྲངས་གསོག་མཛད།

¡@

བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བདུན་པ་འདི་ཉིད་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེས་དབུ་

འཁྲིད་པའི་ཆོས་ཚོགས་ནས་སྦྱིན་བདག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཉིད་ཀྱི་དགེ་བ་ལ་བརྟེན་ནས་ནམ་མཁའི་

མཐས་གཏུགས་པའི་སེམས་ཅན་མཐའ་དག་ལ་ཐུགས་སྨོན་མཛད་རོགས། དེ་བཞིན་བཀའ་བརྒྱུད་སྨོན་ལམ་སྐབས་གོ་སྒྲིག་

ཚན་པའི་ཁོངས་སུ་གཏོགས་པའི་སྲི་ཞུ་བ་ཡོངས་ནས་ཐོག་མཐའ་བར་གསུམ་དུ་ཞབས་ཏོག་གང་ལེགས་སྒྲུབ་པར་ཐུགས་རྗེ་

ཆེ་ཞུ་རྒྱུ་ཡིན།

¡@

¡@

ཁོ་བོའི་བསམ་ཚུལ་ཅུང་ཙམ་བརྗོད་རྒྱུར། དེ་ཡང་ན་ནིང་ཁོར་ཡུག་དང་འབྲེལ་བའི་ལས་དོན་བྱ་ཕྱོགས་སྐོར་སྐད་ཆ་བཤད་

སྟབས། འདི་ལོ་ཡང་ལས་འགུལ་གསར་པ་ཞིག་དམིགས་བསལ་མེད་པར་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གནད་ཆེན་པོ་ཡིན་པའི་

སྐོར་གྱི་གནས་ཚུལ་སྤྱིར་དགོན་པ་ཡོངས་ཀྱི་སྐུ་ཚབ་རྣམས་བསྐོངས་ཏེ་བཤད་ཟིན་པ་ཡིན། དེས་ན་སྐྱིད་སྡུག་ལས་དོན་གང་

ཡིན་ཡང་འཛམ་གླིང་འདི་སྟེང་དུ་བསག་རྒྱུ་ལས་ལོགས་སུ་གྱུར་པར་བསག་གནས་མེད། སྤྱིར་ས་ཆེན་པོ་འདི་བཅུད་ཀྱི་

སེམས་ཅན་མ་ལུས་འཚོ་བའི་གཞི་རྟེན་ཆགས་ཡོད། མངོན་བརྗོད་དུ་ཀུན་བཟོད་ཅེས་མིང་བཏགས་པ་ཇི་བཞིན་ས་འདིས་

ལེགས་ཉེས་མ་ལུས་ཡོངས་སུ་བཟོད་ཐུབ་པ་ཡིན། ད་ཆ་ཀུན་བཟོད་ཁོ་རང་འཇིག་ཉེའི་མཚམས་ལ་སླེབས་ཡོད་སྟབས།

འཛམ་གླིང་ཧྲིལ་པོ་འདིའི་སྟིང་གནས་པའི་སེམས་ཅན་མཐའ་དག་གི་གནས་སྟངས་ལ་བསམ་སྟེ་ཁོར་ཡུག་ལ་སྲུང་སྐྱོབ་བྱ་

རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་འདུག །འཛམ་གླིང་འདི་ཉིད་ཟློས་གར་འཁྲབ་སའི་སྡིངས་ཆ་ལྟ་བུ་རེད། འདིར་བཟང་ངན་

ཐམས་ཅད་འཁྲབ་ཡུལ་གྱི་གཞི་ཡིན་པས། གལ་ཏེ་སྡིངས་ཆ་ཁོ་རང་རྩ་བཀོག་བཏང་ནས་འཁྲབ་ཡུལ་མེད་པར་གྱུར་ཚེ་

ཤིན་ཏུ་ཉེན་ཆེ་བས། མི་བཟང་ངན་སུ་འདྲ་ཞིག་ཡིན་ཡང་འཁྲབ་ཡུལ་གྱི་སྡིངས་ཆ་དེ་ཉིད་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་

ཆེ་བ་ཡིན།

¡@

རང་རེ་རྣམས་འཕྲོད་བསྟེན་ཞན་པའི་སྐྱོན་དུ་མ་ཡོད་སྟབས་ལོ་གསར་པའི་ནང་འཕྲོད་བསྟེན་ཐོག་གང་ལེགས་དོ་སྣང་བྱ་

རྒྱུ་ཡིན། དགོན་སྡེ་ཁག་ཏུ་འཕྲོད་བསྟེན་ཞན་པའི་རྐྱེན་གྱིས་ནད་རིགས་འདྲ་མིན་དུ་མ་ཡོང་བཞིན་འདུག་པས། དེ་དག་

ལ་སྔར་ལས་ལྷག་པའི་ཐུགས་སྣང་དང༌། འཕྲོད་བསྟེན་དང་འབྲེལ་བའི་ཞབས་ཞུ་གནང་རྒྱུ་དེ་གལ་ཆེ་པོ་འདུག །དགོན་པ་

རྣམས་ནས་གོམ་པ་བཟང་ཕྱོགས་སུ་སྤོ་ཐུབ་ན་སྤྱི་ཚོགས་རྣམས་ནས་ཀྱང་འགུལ་སྐྱོད་རྒྱབ་པའི་སྐུལ་མ་ཡོང་བ་ལ་ཕན་པ་

ཡིན། དེར་བརྟེན་དགེ་འདུན་ཡོངས་ལ་ནད་མེད་ཅིང་ལུས་ཁམས་བདེ་བ་ཡོང་བ་དང༌། དེ་ཉིད་ལ་བརྟེན་ནས་ཐོས་བསམ་

འཕེལ་བལ་སོགས་རིམ་གྱིས་འབྱུང་བ་ཡིན།

¡@

མི་ལའི་གསུང་ཆོས་དང་འབྲེལ་བའི་སྐབས་འཕྲོས་བཤད་ཕྲན་བུ་ཞུས་ཡོད་པས་དེ་དག་ཐུགས་ངེས་ཐོག་ལག་བསྟར་གནང་

རྒྱུ་གལ་ཆེན་པོ་རེད།

རང་རེ་རྣམས་རྒྱུན་ལྡན་གྱི་རང་གཤིས་རྣམས་མ་བཅོས་པར་བཞག་སྟེ་ཆོས་ཞེས་པ་ཟུར་དུ་བྱ་རྒྱུ་ཡོད་ཞིག་ལ་སེམས་པ་ཡིན་

ཡང༌། དེ་ལྟས་ཆོས་ཇི་བཞིན་དང་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཐབས་མེད། བྱམས་སྙིང་རྗེ་ཞེས་པ་དེ་ལྐོག་ཏུ་བྱ་རྒྱུ་མ་

ཡིན་པར་ལག་ལེན་ཐོག་མངོན་སུམ་དུ་སྟོན་ནས་ཕན་བདེ་སྒྲུབ་རྒྱུ་གལ་ཆེན་པོ་རེད།

¡@

ཁོ་བོ་རང་ལ་མཚོན་པ་ཡིན་ན་ཡང་༧རྒྱལ་དབང་ཀརྨ་པའི་མཚན་ཞིག་ཡོད་སྟབས། སྤྱིར་ཆོས་རྒྱུད་རིས་མེད་པ་ཐམས་ཅད་

ལ་དད་གུས་ཞུ་བཞིན་ཡོད། དེ་བཞིན་གངས་ལྗོངས་ཀྱི་སྐྱེ་དགུ་ཀུན་ལ་ཉིན་མཚན་ཀུན་ཏུ་སྨོན་ལམ་རྒྱབ་བཞིན་པ་ཡིན།

སེམས་ཅན་གཞན་ལ་དངོས་སུ་ཕན་མ་ཐོགས་པ་ཡིན་ན་ཡང༌། རང་ཉིད་ད་ལྟ་འཇིག་རྟེན་དུ་འཚོ་རྒྱུ་དེ་ཡང་སེམས་ཅན་

གཞན་གྱི་དབུགས་དབྱུང་བ་དང་དྲན་གསོ་ཐུབ་པའི་རྒྱུར་འགྱུར་བའི་ཆེད་དུ་སྨོན་བཞིན་ཡོད། དེས་ན་ང་ལས་བགྲེས་པ་

རྣམས་དང༌། མཁྱེན་རྒྱ་ཆེ་བ། འབྱོན་ཐང་ཆེ་བ་རྣམས་ནས་ལྷག་དོན་དུ་དགོངས་པ་བཞེས་དགོས་པ་ཡིན།

¡@

¡@

ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་བདུན་པ་ལེགས་པར་གྲུབ་པའི་རྣམ་དཀར་གྱི་དགེ་བའི་རྩ་བ་འདི་ཉིད་ཀྱིས་བོད་

གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་མི་གཟུགས་སུ་བྱོན་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་

མཆོག་གི་སྐུ་ཚེ་ཞབས་པད་སྲིད་མཐའི་བར་དུ་བརྟན་པ་དང༌། དེ་བཞིན་ས་སྐྱ་༧བདག་ཁྲི་རིན་པོ་ཆེ། སྔ་འགྱུར་རྙིང་མའི་

བསྟན་བདག །དགའ་ལྡན་ཁྲི་རིན་པོ་མཆོག་གི་དབུས་རིས་སུ་མ་མཆིས་པའི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཀུན་སྐུ་ཚེ་

ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགུ་མ་ལུས་ལྷུན་གྱིས་གྲུབ་པ་དང༌། དེ་བཞིན་བོད་ལ་བདེ་སྐྱིད་ཀྱི་ཉི་མ་

མགྱོགས་ནས་མྱུར་དུ་འཆར་ནས་གཞིས་བྱེས་ལྷན་དུ་འཛོམས་པའི་ཐུགས་སྨོན་མཛད་པར་སྐུལ་བ་དང༌། ལྷག་པར་དུ་

༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེའི་མཆོག་གི་སྤྲུལ་པའི་ཟླ་ཞལ་མྱུར་དུ་བྱོན་ནས་གསན་བསམ་སྒོམ་པ་མཐར་ཕྱིན་ཏེ་གོང་

མའི་རྣམ་ཐར་ཚུལ་བཞིན་སྐྱོང་བ་དང༌། དེ་བཞིན་༧སྐྱབས་རྗེ་དཔའ་བོ་རིན་པོ་ཆེ་ཡང་དེང་སྐུ་ཕྲན་བུ་བསྙུན་བཞིན་ཡོད་

སྟབས་བསྙུན་ལས་མྱུར་དུ་སྐུ་ཁམས་དྭངས་བཞེས་ཡོང་བའི་ཐུགས་སྨོན་མཛད་རོགས་ཞེས་བཀའ་སྩལ།

¡@

¡@

མཐའ་དོན་འདིར་འདུས་ཡོངས་ལ་ཕྱི་ལོ་གསར་བཞད་ཀྱི་དགའ་སྟོན་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་དང༌། ཁྱེད་རྣམས་

ཀྱི་གཉེན་ཉེ་བློ་དཀར་རྣམས་ལ་ངོས་བཀྲིས་བདེ་ལེགས་ཡོད་ཅེས་མགྲིན་ཚབ་མཛད་རོགས་ཞེས་གསུངས།

¡@

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.